ལ་དྭགས་ལ་མོའི་རྒྱབ་ཀྱི།།
ཕ་ཡུལ་ཕྱོགས་ནས་བཞུར་བའི།།
གཙང་ཆུའི་བཞུར་སྒྲ་སྙན་མོ།།
མཚན་གང་ཉན་རྒྱུ་བྱུང་ན།།
ཚེ་གྲོགས་གཏན་གྱི་འདུན་མའི།།
སྙིང་གཏམ་མེད་ཀྱང་ཆོག་ག།
ལ་དྭགས་ལ་མོའི་སྒང་གི།
བྱ་རྒོད་གཤོག་རྩལ་རྒྱས་པ།།
ཕ་ཡུལ་དྭགས་པའི་ཞིང་ནས།།
ཕེབས་པ་ཨེ་ཡིན་གསུང་དང་།།
ཕ་ཡུལ་ཕ་མ་སྤུན་མཆེད།།
ལུས་ཁམས་བདེ་མིན་གསུང་དང་།།
ལ་དྭགས་ཡུལ་གྱི་ལ་མོ།
ཕར་བརྒལ་ཚུར་བརྒལ་བྱེད་སྐབས།།
གྲང་རླུང་སིལ་མའི་བསུ་མ།།
ལན་གཅིག་ལན་གཉིས་གནང་བས།།
ཕ་ཡུལ་དྭགས་པའི་ཞིང་དེ།།
ཡིད་ལ་འཁོར་འཁོར་བྱས་བྱུང་།།
ལ་དྭགས་ལ་མོའི་རྒྱབ་ཀྱི།།
རི་གྲོང་ཐར་ཐོར་ཁྲོད་དུ།།
ལྕང་སྡོང་སེར་མིན་ལྗང་མིན།།
མཛེས་པའི་རྒྱན་ལྟར་སྐྱེས་པ།།
དེ་དག་མཐོང་ཐེངས་རེ་རེར།།
ཕ་ཡུལ་ཡིད་ལ་འཁོར་བྱུང་། །
ལ་དྭགས་ལ་མོའི་སྒང་གི།
ཕ་ཡུལ་ཕྱོགས་ནས་ཕེབས་པའི།།
མཁའ་རླུང་དྭངས་གཙང་སིལ་མ།།
ཡུལ་ལ་ལོག་རྒྱུ་བྱུང་ན།།
གཤོག་རྩལ་རྒྱས་པའི་བུ་ཆུང་།།
ལ་རྩེར་སླེབས་འདུག་གསུང་རོགས།།
ཕ་བཟང་བུ་ནས།