སེམས་ཚོར་དམར་རྗེན་མ།

སེམས་ཚོར་དམར་རྗེན་མ།

ཕྱི་རྒྱལ་རང་དབང་ལུང་པ་ནས།།

རིགས་ཀྱི་བུ་ཡིས་རྒྱལ་དར་འཕྱར།།

དེ་ལ་རྒྱ་ཡིས་སྡང་ཟུག་ཀྱིས།།

རྒྱལ་དར་འཕྲོག་ཏེ་ཕྱི་རུ་དྲུད།།

ཕྱིས་སུ་རྒྱལ་དར་མེ་ལ་བསྲེགས།།

སྲེག་མཁན་རྒྱ་རིགས་སློབ་ཕྲུག་དེ།

རྒྱ་རིགས་རྣམས་ནས་དཔའ་བོར་བརྩིས།།

གནས་ཚུལ་དེ་ཚོ་མཐོང་མ་ཐག།

སེམས་ལ་སྐྱོ་བ་ཚད་མེད་སྐྱེས།།

རང་རིགས་རྣམས་ནི་དེ་འདྲ་མིན།།

སྤྱི་སྒེར་སུས་ཀྱང་སེམས་ཤུགས་ཀྱིས།།

དགྲ་བོའི་རྒྱལ་དར་བསྲེགས་པའི་ཚེ།།

དེ་ལ་ཁ་གདུང་ཚིག་ངན་འཕེན།།

དགྲ་བོ་ཇི་བཞིན་སྡང་མིག་བལྟ།།

དགྲ་ལ་དགྲ་ལན་མ་སློག་པར།།

རང་གི་རིགས་ལ་སྡང་ཟུག་ཆེ།།

དེ་ཚོ་བསམ་བཞིན་སེམས་རེ་སྐྱོ།།

སྐྱོ་སེམས་རླུང་བུར་སྐུར་བཏང་ཏེ།།

མེས་པོ་དམ་པའི་ལ་རྒྱ་དང་།།

དཔའ་བོའི་སྙིང་སྟོབས་རྒྱལ་ཞེན་སོགས།།

ཡིད་ལ་ཡང་ཡང་འཁོར་བར་བྱེད།།

རང་སེམས་རང་གིས་གསོ་བར་བྱས།།

རང་ནུས་གང་ཡོད་བཏོན་ནས་ནི།།

འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་གིས།།

དགྲ་ལ་དགྲ་ལན་སློག་རྒྱུ་ནི།།

ང་ཡི་ཚེ་འདིའི་དམ་བཅའ་དང་།།

རིགས་གཅིག་སྤུན་ཟླར་ལེགས་སྐྱེས་ཡིན།།

ཕ་བཟང་བུ་ནས། 

༢༠༢༣།༠༦།༧

Leave a Reply