
དེ་རིང་གི་གནམ་གཤིས་འདི།
ཡུལ་གྱར་བའི་སེམས་པ་ཞིག་དང་འདྲ་བར།
སྨུག་སྤྲིན་གིས་ནམ་མཁའ་འཐིབས་ཞིང་།
ཕྱོགས་བཞི་འཚམས་བརྒྱད་ཐལ་རྡུལ་གྱི་བཏུམ་ནས་འདུག
དེ་རིང་གི་གནམ་གཤིས་འདི།
ཡུལ་གྱར་བའི་སེམས་པ་ཞིག་དང་འདྲ་བར།
ཉི་འོད་ཀྱིས་ས་གཞི་སྣང་ཞིང་།
གུ་དོག་པའི་ཀྱག་ཀྱོག་གི་ལམ་ཕྲ་མོ་དེ་ཚོ་ཡང་གསལ་ནས་འདུག
དེ་རིང་གི་གནམ་གཤིས་འདི།
ཡུལ་གྱར་བའི་འཚོ་བ་དང་མཚུངས་པར།
སྔ་དྲོའི་དྲོད་འཇམ་གྱི་ཁོར་ཡུག་དེ།
དགོང་དྲོའི་རྡུལ་འཚུབ་ཀྱིས་དེད་ནས་ཕྱིན་སོང་།
དེ་རིང་གི་གནམ་གཤིས་འདི།
ཡུལ་གྱར་བའི་མི་ཚེ་ཞིག་དང་འདྲ་བར།
ཁོད་ཡངས་ཁོར་ཡུག་དང་ཞི་བདེ་ཞི་འཇམ་གྱི་བདེ་འཇགས་དེ།
ཡུད་ཙམ་ལས་མ་སོང་བར་ཆ་མེད་རྒྱུས་མེད་ཀྱི་ཆར་ཤུགས་དྲག་པོས་སྟོང་ལ་སྦྱར་སོང་།
དེ་རིང་གི་གནམ་གཤིས་འདི།
ཡུལ་གྱར་བའི་སེམས་པ་ཞིག་དང་འདྲ་བར།
ངེས་བརྟེན་མེད་པར་གང་སར་མྱུལ་བཞིན་འདུག་ལ།
སྙོམས་པ་མེད་པའི་ཚ་དྲོད་དེ་དུས་ནས་དུས་སུ་འགྱུར་བཞིན་འདུག
ཕ་བཟང་བུ་ནས།
ཟླ་བ་༡༢ པའི་ཚེས་༡༩ གཟའ་ཕུར་བུ་ཉིན་གྱི་་བཞུགས་སྒར་ཁུལ་གྱི་གནམ་གཤིས་འདི་ཡུལ་གྱར་བའི་སེམས་པ་ངོ་མ་དང་གཉིས་སུ་མ་མཆིས་སོ།